(སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༩ པ་ལས་ ད་ལྟོ་ཚུན)
སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༩ པའི་ཚེས་ ༨ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དྲག་ཤོས་འཕྲིན་ལས་རྣམ་རྒྱལ་འདི་ སོ་ནམ་དང་སྒོ་ནོར་ལྷན་ཁག་གི་དྲུང་ཆེན་གསརཔ་སྦེ་ བསྐོ་བཞག་མཛད་གནང་ནུག།
ད་ལྟོ་གི་གོ་གནས་ལུ་བསྐོ་བཞག་མ་གནང་པའི་ཧེ་མ་ དྲག་ཤོས་ཀྱིས་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་སྦེ་ཕྱག་ཞུ་ནུག། ཁོ་གིས་གཡོག་གི་མདུན་ལམ་འདི་ སྤྱི་ལོ་ ༡༩༨༩ ལུ་ བསྟན་རྒྱས་ལྷན་ཁག་གི་འོག་ལུ་ སྦྱོང་གཡོག་འགོ་དཔོན་སྦེ་ཕྱག་ཞུ་སྟེ་འགོ་བཙུགས་ནུག། ཁོ་གིས་ སྤྱི་ལོ་ ༡༩༩༡-༢༠༠༤ ཚུན་ དངུལ་རྩིས་ལྷན་ཁག་ནང་ཕྱག་ཞུ་ནུག། ཁོ་གིས་ སྤྱི་ལོ་ ༢༠༠༧ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ནང་ ལས་རིམ་གཙོ་འཛིན་འགོ་འདྲེན་པ་སྦེ་འཛུལ་ཞིནམ་ལས་ མདོ་ཆེན་སྦེ་ཕྱག་ཞུ་ནུག། དེ་ལས་ སྤྱི་ལོ་ ༢༠༡༦ ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་དྲུང་ཆེན་སྦེ་བསྐོ་བཞག་གནང་ནུག།
དྲག་ཤོས་ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ཚོང་འབྲེལ་རིག་པའི་གཙུག་ལག་གཞི་རིམ་གྱི་ཤེས་ཚད་དང་ ཀེམ་བཱ་ར་གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་བདག་སྐྱོང་རིག་པའི་གཙུག་ལག་མཐོ་རིམ་ཤེས་ཡོན་གྱི་ཤེས་ཚད་ཡོད།
____________________________________________________________________
(སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༨ པ་ལས་ སྤྱི་ལོ་ ༢༠༢༡ ཚུན)
དྲག་ཤོས་རིན་འཛིན་རྡོ་རྗེ་འདི་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་དྲུང་ཆེན་གསཔར་སྦེ་བསྐོ་བཞག་གནང་ནུག། སྤྱི་ལོ་ ༢༠༡༦ གི་སྤྱི་ཟླ་༨ པའི་ཚེས་ ༡༦ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་དྲག་ཤོས་ལུ་ བཀྲ་ཤིས་ཁ་དར་གནང་ནུག།
འདི་གི་ཧེ་མ་ དྲག་ཤོས་ཀྱིས་ ཞབས་ཏོག་ལྷག་ཁག་འོག་གི་བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱི་ཡོངས་ཁྱབ་མདོ་ཆེན་སྦེ་ཕྱག་ཞུ་ནུག། ཁོ་གིས་གཡོག་གི་མདུན་ལམ་འདི་ སྤྱི་ལོ་ ༡༩༨༤ ལུ་ བཟོ་གྲྭ་ལས་ཁུངས་ནང་ རྩིས་འཛིན་པ་སྦེ་ཕྱག་ཞུ་སྟེ་འགོ་བཙུགས་ནུག། ཁོ་གིས་ འབྲུག་ས་གཏེར་ལས་ཁུངས་ནང་ སྦྱོང་གཡོག་འགོ་དཔོན་དང་ བདག་སྐྱོང་འགོ་དཔོན་སྦེ་ཡང་ཕྱག་ཞུ་ནུག། འདི་གི་ཤུལ་ལས་ དགེ་ལེགས་ཕུག་ཚོང་འབྲེལ་དང་བཟོ་གྲྭ་ཡིག་ཚང་གི་ལུང་ཕྱོགས་མདོ་ཆེན་དང་ བསྟན་རྒྱལ་ལྷན་ཁག་གི་དྲུང་ཆེན་འོགམ་སྦེ་ཕྱག་ཞུ་ནུག། དེ་མ་ཚད་ ཁོ་གིས་ སྤྱི་ལོ་ ༢༠༠༧-༢༠༡༤ གི་བར་ན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་མདོ་ཆེན་སྦེ་ཡང་ཕྱག་ཞུ་ནུག།
དྲག་ཤོས་ལུ་ རྒྱ་གར་གྱི་པཱན་ཇབ་གཙུག་ལག་སློབ་སྡེ་ལས་གཙུག་ལག་གཞི་རིམ་གྱི་ཤེས་ཚད་དང་ ཡུ་ནཱའི་ཊེཌ་ཨིས་ཊེཌས་ཀྱི་ཝར་ཇི་ནཱི་ཡ་ ཀ་མཱན་ཝེལཊ་གཙུག་ལག་སློབ་སྡེ་ལས་ མི་མང་བདག་སྐྱོང་རིག་པའི་གཙུག་ལག་མཐོ་རིམ་ཤེས་ཡོན་གྱི་ཤེས་ཚད་ཡོད། དྲག་ཤོས་འདི་ ཧཱ་ སྦྱིས་ལས་ཨིན།
___________________________________________________________________
(སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༥ པ་ལས་ སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༧ པ་ཚུན)
ད་ལྟོ་གི་གོ་གནས་ལུ་བསྐོ་བཞག་མ་གནང་པའི་ཧེ་མ་ དྲག་ཤོས་བསྟན་འཛིན་དོན་གྲུབ་ཀྱིས་ ངོ་ཚབ་དྲུང་ཆེན་དང་ སོ་ནམ་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་སྦེ་ཕྱག་ཞུ་ནུག། དྲག་ཤོས་ཀྱིས་གཡོག་གི་མདུན་ལམ་འདི་ སྤྱི་ལོ་ ༡༩༨༡ ལུ་ སྒོ་ནོར་ལས་ཁུངས་འོག་གི་ དགེ་ལེགས་ཕུག་ཆུ་དྲོད་ཉ་གསོ་སྐྱོང་ཁང་ནང་སྦྱོང་གཡོག་འགོ་དཔོན་སྦེ་ཕྱག་ཞུ་སྟེ་འགོ་བཙུགས་ནུག།
དྲག་ཤོས་ལུ་ རྒྱ་གར་ཤི་ལོང་ ནཱོརཊ་ཨིས་ཊཱན་ཧིལ་གཙུག་ལག་སློབ་སྡེ་གི་ ཨེས་ཊི་ཨིཌ་མཱནཌས་མཐོ་རིམ་སློབ་གྲྭ་ལས་ སེམས་ཅན་རིག་པའི་གཙུག་ལག་གཞི་རིམ་གྱི་ཤེས་ཚད་དང་ ཡུ་ནཱའི་ཊེཌ་ ཨིས་ཊེཌས་ ཨ་ལཱ་བ་མ་གི་ཨཱ་བཱན་གཙུག་ལག་སློབ་སྡེ་ལས་ ཆུར་གནས་ཚན་རིག་གི་གཙུག་ལག་མཐོ་རིམ་ཤེས་ཡོན་གྱི་ཤེས་ཚད་ཡོད། སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༥ པའི་ཚེས་ ༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དྲག་ཤོས་བསྟན་འཛིན་དོན་གྲུབ་འདི་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་དྲུང་ཆེན་གསརཔ་སྦེ་ བསྐོ་བཞག་མཛད་གནང་ནུག།
སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༧ ལུ་ དྲག་ཤོས་བསྟན་འཛིན་དོན་གྲུབ་ གཡོག་ནང་ལས་དགོངས་ཞུ་འབད་ནུག།
____________________________________________________________________
(སྤྱི་ལོ་ ༢༠༠༧ སྤྱི་ཟླ་ ༨ པ་ལས་ སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༤ པ་ཚུན)
དྲག་ཤོས་ཤེས་རབ་རྒྱན་མཚན་འདི་ སྤྱི་ལོ་ ༡༩༥༤ སྤྱི་ཟླ་ ༥ པའི་ཚོས་ ༢ ལུ་ མོང་སྒར་ལུ་སྐུ་འཁྲུངས་ནུག། ཁོ་ལུ་ ཨ་ལུ་བུམོ་གཉིས་དང་ བུཚ་གཉིས་ཡོད། དྲག་ཤོས་འདི་ སྤྱི་ལོ་ ༢༠༠༧ སྤྱི་ཟླ་ ༨ ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་དྲུང་ཆེན་སྦེ་ བསྐོ་བཞག་མཛད་གནང་ནུག།
དྲག་ཤོས་རྒྱལ་མཚན་གྱིས་ཞི་གཡོག་གི་མདུན་ལམ་འདི་ སྤྱི་ལོ་ ༡༩༧༨ ལུ་ སྦྱོང་གཡོག་འགོ་དཔོན་སྦེ་འགོ་བཙུགས་ནུག། ཤུལ་ལས་ ཡུ་ཨེན་སི་དྲི་ཨེཕ་དང་ ཡུ་ཨེན་དྲི་པི/ཨེཕ་ཨེ་ཨོ་ དེ་ལས་ ཨཱོས་ཊེ་ལི་ཡ་གི་ལྡུམ་རིག་ལས་འགུལ (༡༩༨༡-༡༩༨༣) གི་ ལས་འགུལ་འཛིན་སྐྱོང་པ་སྦེ་ཕྱག་ཞུ་ནུག། སྤྱི་ལོ་ ༡༩༨༤-༡༩༩༤ ལུ་ སྤ་རོ་སོ་ནམ་འཕྲུལ་ཆས་ལྟེ་བ་གི་ ལས་རིམ་འཛིན་སྐྱོང་པ་སྦེ་ཕྱག་ཞུ་སྟེ་ འཕྲུལ་ཐོག་ཞིང་ལས་ཀྱི་ལས་རིམ་འཆར་བཀོད་འདི་ ལག་ལེན་འཐབ་ནི་དང་གོང་འཕེལ་བཏང་ནི་ལུ་འགོ་ཁྲིད་འབད་ནུག། ལས་རིམ་འདི་ད་ལྟོ་ཡང་ སྤ་རོ་སོ་ནམ་འཕྲུལ་ཆས་ལྟེ་བ་གིས་འབད་བཞིན་དུ་ཡོདཔ་ཨིན།
ལོ་ངོ་ ༣༠ གི་རིང་ལུ་ ཕྱག་ཞུ་བའི་སྐབས་ དྲག་ཤོས་རྒྱལ་མཚན་གྱིས་ སོ་ནམ་དང་ནགས་ཚལ་ལྷན་ཁག་ནང་ ཕན་ཐོགས་ཅན་གྱི་ཕྱག་ལཱ་ལེ་ཤ་རང་མཛད་ཡོདཔ་ཨིན། སྤྱི་ལོ་ ༡༩༩༦-༢༠༠༡ ལུ་ ངོ་ཚབ་མདོ་ཆེན་དང་ ཤུལ་ལས་ཞིབ་འཚོལ་དང་རྒྱ་སྐྱེད་ཀྱི་མདོ་ཆེན་འབད་ཕྱག་ཞུ་བའི་སྐབས་ དྲག་ཤོས་ཀྱིས་ཁྱབ་ཆེ་ཤོས་ར་ ཞིབ་འཚོལ་ལས་རིམ་འདི་ རང་བཞིན་སླར་འབྱུང་ཐོན་སྐྱེད་ནང་བཙུགས་ནི་ལུ་ཕྱག་ལཱ་མཛད་ནུག། དེ་ཡང་ དམིགས་བསལ་དུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ཞིབ་འཚོལ་ལྟེ་བ་བཞི་འདི་ རྫོང་ཁག་དང་རྒྱ་སྐྱེད་ལས་རིམ་གཉིས་དང་གཅིག་ཁར་བཟོ་ནི་ལུ་ཨིན་མས། དེ་ལས་ ཁོ་གིས་ སྤྱི་ལོ་ ༢༠༠༡-༢༠༠༣ ལུ་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་ཀྱི་འཛིན་སྐྱོང་མདོ་ཆེན་སྦེ་ཕྱག་ཞུ་ནུག།
དྲག་ཤོས་རྒྱལ་མཚན་གྱིས་ སོ་ནམ་ལས་ཁུངས་ཀྱི་ མདོ་ཆེན་སྦེ་ཡང་ཕྱག་ཞུ་ནུག། མདོ་ཆེན་སྦེ་ཕྱག་ཞུ་བའི་སྐབས་ སྤྱི་ལོ་ ༢༠༠༣ ལུ་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་དང་གཅིག་ཁར་ གློ་བུར་ཉེན་འཚུབ་ཉེན་སྲུང་ལས་སྤྱོད་ཀྱི་ཉེན་སྐྱོབ་ཐབས་ལམ་གྱི་ཡན་ལག་སྦེ་ མ་འོངས་བཟའ་འཐུང་འཆར་གཞི་འདི་ གྲ་སྒྲིག་འབད་ནི་དང་ལག་ལེན་འཐབ་ནི་ལུ་འགོ་ཁྲིད་མཛད་ནུག། ཁོ་གིས་ ཀེ་བའི་སོན་ཕྱིར་ཚོང་འབད་ནི་འདི་ འོས་འབབ་སྦོམ་ཡོདཔ་ཧ་གོ་སྟེ་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་དང་ འབྲུག་སོན་ལས་འཛིན་ཚད་གཉིས་དང་གཅིག་ཁར་ ཚོང་འབྲེལ་ཐབས་ལམ་བརྩམ་ནུག། སྤྱི་ལོ་ ༢༠༠༥ ལུ་ ས་གཞི་འཛིན་སྐྱོང་གི་སྐོར་ལས་བརྡ་སྐུལ་འབད་ཡོདཔ་མ་ཚད་ ཟ་ཚང་ནང་བཟའ་འཐུང་ཉེན་སྲུང་འདི་རྩ་བརྟན་བཟོ་ནི་ལུ་ སོན་འབྲུ་བསགས་བཞག་ནི་གི་མཛོད་ཁང་རྐྱབ་ནི་ལུ་ཡང་འགོ་ཁྲིད་མཛད་ནུག། ཁོ་གིས་འགོ་ཁྲིད་མཛད་པའི་ཕྱག་ལཱ་དང་ ཁོ་གི་རིག་སྟོབས་ དེ་ལས་ འགོ་ཁྲིདཔ་གི་ཁྱད་རྣམ་ལུ་གཞི་བཞག་སྟེ་ སྤྱི་ལོ་ ༢༠༠༦ ལུ་ སོ་ནམ་ལས་ཁུངས་ཀྱི་ཡོངས་ཁྱབ་མདོ་ཆེན་དང་ སྤྱི་ལོ་ ༢༠༠༧ སྤྱི་ཟླ་ ༨ ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་དྲུང་ཆེན་སྦེ་གཟེངས་ཐོན་གྱི་གོ་གནས་ཡར་སེང་གནང་ནུག།
དྲག་ཤོས་རྒྱལ་མཚན་འདི་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་དྲུང་ཆེན་སྦེ་བསྐོ་བཞག་མ་གནང་པའི་ཧེ་མ་ ཁོ་རའི་དུས་རྒྱུན་ཕྱག་འགན་གྱི་མ་ཚད་པར་ འབྲུག་སོན་ལས་འཛིན་ཚད་ཀྱི་ཁྲི་འཛིན་དང་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་དང་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་ཚད་འཛིན་ དེ་ལས་ འབྲུག་དངུལ་རྩིས་ལས་འཛིན་ཚད་ཀྱི་བཀོད་ཚོགས་ཀྱི་འཐུས་མི་སྦེ་ཡང་ཕྱག་ཞུ་ནུག།
ད་ལྟོ་མཛད་ཡོད་པའི་ཕྱག་ལཱ་གི་མ་ཚད་པར་ དྲག་ཤོས་རྒྱལ་མཚན་གྱིས་ གཞུང་གི་འདུས་ཚོགས་གཞན་ མང་རབས་ཅིག་ནང་ལུ་ཡང་ འབྲེལ་གཏོགས་མཛད་ཡོདཔ་ཨིན་མས། ཁོ་ འབྲུག་དངུལ་རྩིས་གོང་འཕེལ་ལས་འཛིན་ཚད་དང་ འབྲུག་བཟའ་སྤྱོད་ལས་འཛིན་ཚད་ཀྱི་བཀོད་ཚོགས་མདོ་ཆེན་གྱི་ཁྲི་འཛིན་དང་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་ཚད་འཛིན་དང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་ཚད་ཀྱི་ཁྲི་འཛིན་ དེ་ལས་ སྨན་རིགས་རྒྱུན་བཀོད་དབང་འཛིན་གྱི་ཁྲི་འཛིན་འོགམ་ཡང་ཨིན་མས། དེ་མ་ཚད་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཚད་ཀྱི་འཐུས་མི་ཨིནམ་དང་ ནེ་པཱལ་ ཀཱཊ་མཱན་ཌུ་ ཨའི་སི་ཨའི་ཨེམ་ཨོ་དྲི་གི་འཐུས་མི་བཀོད་ཚོགས་ནང་ འབྲུག་གི་ངོ་ཚབ་འཐུས་མི་ཨིན་མས།
དྲག་ཤོས་ཤེས་རབ་འདི་ རྒྱ་གར་ ཨོ་རི་སཱ་སོ་ནམ་དང་འཕྲུལ་རིག་གཙུག་ལག་སློབ་སྡེ་ལས་ སོ་ནམ་བཟོ་རིག་འགོ་དཔོན་ཨིནམ་དང་ སྤྱི་ལོ་ ༡༩༨༣ ལུ་ ལཱན་ཌཱན་ ཊི་དྲི་ཨར་ཨའི་ལས་ ལོ་ཐོག་བསྡུ་གསོག་དང་ལྡུམ་རིག་འཕྲུལ་རིག་གི་ཁྱད་རིག་ལཱ་གཡོག་གི་སྦྱོང་བརྡར་འཐོབ་ནུག། དེ་ལས་ ཨཱོས་ཊེ་ལི་ཡ་ སིཌ་ནཱི་གི་སི་ཨེས་ཨའི་ཨར་ཨོ་ལས་ བསིལ་ལྡན་བཟོ་རིག་དང་སྔ་གོང་ལོ་ཐོག་བསྡུ་གསོག་འཕྲུལ་རིག་གི་སློབ་སྦྱོང་ཡང་མཛད་ནུག།