རྒྱབ་ཁུངས།
སྤྱི་ལོ་ ༡༩༦༡ ལུ་ སྒོ་ནོར་གསོ་སྐྱོང་ལས་ཁུངས་འདི་ གོང་འཕེལ་ལྷན་ཁག་གི་འོག་ལུ་སྡོད་ནུག། རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ལོ་ ༡༩༨༠ ལུ་ གཞི་བཙུགས་འབད་ཡོད་པའི་གཡོག་སྡེ་ལམ་ལུགས་དང་འཁྲིལ་ ལྷན་ཁག་དང་ལས་ཁུངས་ཚུ་ ལོག་སྟེ་གོ་སྒྲིག་འབད་ནུག། གོ་སྒྲིག་འབད་མི་དེ་དང་བསྟུན་ སོ་ནམ་ལྷན་ཁག་འདི་ ནགས་ཚལ། སོ་ནམ་དང་སྒོ་ནོར་གསོ་སྐྱོང་གསུམ་གི་འགན་འཁྲི་འབག་བཅུག་ནུག། སྤྱི་ལོ་ ༡༩༨༥ ལུ་ སྒོ་ནོར་གསོ་སྐྱོང་ལས་ཁུངས་འདི་ སོ་ནམ་ལྷན་ཁག་གི་འོག་ལུ་བཙུགས་ཡོདཔ་དང་ ཡིག་ཚང་ཡང་ བཀྲ་ཤིས་ཆོས་རྫོང་གི་ཉེ་འདབས་ལུ་གནས་ཏེ་སྡོད་ནུག། སྤྱི་ལོ་ ༡༩༩༣ ལུ་ སོ་ནམ་དང་སྒོ་ནོར་ནང་འདེབས་ཁོ་ཆས་དང་ འཕྲུལ་ཐོག་ཞིང་ལཱ་གཉིས་གཅིག་ཁར་བསྡོམ་ཏེ་ སྒོ་ནོར་གསོ་སྐྱོང་ལས་ཁུངས་དང་བསྡབ་ཞིནམ་ལས་ ལོ་ཐོག་དང་སྒོ་ནོར་ལཱ་གཡོག་སྡེ་ཚན་སྦེ་མིང་བཏགས་ནུག། སྤྱི་ལོ་ ༡༩༩༩ ལུ་ གོ་སྒྲིག་བསྒྱུར་བཅོས་འབད་ནི་འཕྲོ་མཐུད་བཞིན་དུ་ ལོ་ཐོག་དང་སྒོ་ནོར་ཞབས་ཏོག་སྡེ་ཚན་འདི་ སོ་ནམ་དང་སྒོ་ནོར་རྒྱབ་སྐྱོར་ལཱ་གཡོག་ལས་ཁུངས་སྦེ་མིང་བཏགས་ནུག། སྤྱི་ལོ་ ༢༠༠༣ ལུ་ སོ་ནམ་དང་སྒོ་ནོར་རྒྱབ་སྐྱོར་ལཱ་གཡོག་ལས་ཁུངས་འདི་ སྒོ་ནོར་ལས་ཁུངས་སྦེ་མིང་བཏགས་ནུག།
སྒོ་ནོར་གྱིས་འབྲུག་གི་སོ་ནམ་པའི་མི་ཚེ་ནང་ ཁག་ཆེ་བའི་ལཱ་འགན་འབག་ནི་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ས་ཁོངས་ལེ་ཤ་ར་ སྒོ་ནོར་གསོ་སྐྱོང་རྐྱངམ་ཅིག་ འབད་བཏུབ་མི་ཡོདཔ་དང་ ས་གནས་གཞན་ཚུ་ནང་ སྒོ་ནོར་འདི་ སོ་ནམ་ལམ་ལུགས་ཀྱི་ཆ་ཤས་གཙོ་བོ་ཅིག་ཨིན། རྒྱལ་ཡོངས་ཀྱི་སྤྱིར་བཏང་དམིགས་དོན་ འབྲུག་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏང་ནི་འདི་ བསྒྲུབ་ཐབས་ལུ་ ཁེབ་ས་དང་ཐོན་ཁུངས་ཡར་དྲག་གཏང་ནི་འདི་ མེད་ཐབས་མེདཔ་ཅིག་ཨིན། འ་ནཱི་འདི་ གནས་སྟངས་མ་འདྲཝ་གི་འོག་ལུ་ ཐོན་ཁུངས་ལེགས་ཤོམ་བཟོ་ནི་ལུ་ དམིགས་པ་བསྐྱེད་མི་གཙུག་སྡེ་ཚུ་གིས་ འདུད་ཚོགས་ཀྱི་གོ་སྒྲིག་ལེགས་ཤོམ་དང་གཅིག་ཁར་ འབད་ཚུགསཔ་ཨིན།
འཆར་གཞི་བརྩམ་མི་གོང་འཕེལ་འདི་འགོ་བཙུགས་ཞིནམ་ལས་ཚུར་ འབྲུག་རྒྱལ་ཁབ་ནང་རིག་རྩལ་ཅན་གྱི་མི་སྟོབས་མ་ལང་བར་སྡོད་ནུག། རྒྱལ་ཁབ་ནང་ད་ལྟོ་ཡང་ སྤུས་ཚད་དང་འབོར་ཚད་ཀྱི་ཐད་ཁར་ མི་སྟོབས་མ་ལང་བར་ཡོདཔ་ཨིན། གོང་འཕེལ་གྱི་གོ་རིམ་བརྒྱུད་དེ་ གོང་འཕེལ་གྱི་ལཱ་འགན་འབག་མི་ཕྱི་མི་ཚུ་ཚབ་མ་བཙུགས་ཏེ་ཡོད་རུང་ རྒྱལ་ཁབ་ནང་དགོས་མཁོ་རེ་རེ་བཞིན་དུ་ལུ་ལང་བའི་མི་སྟོབས་བྱུང་མ་ཚུགས་ནུག། དེ་འབདཝ་ལས་ ཨ་ནཱི་བསྟར་སྤྱོད་འདི་གིས་ གོང་འཕེལ་གྱི་དགོས་མཁོ་འགྲུབ་ནིའི་ཐབས་ལམ་འགྲུབ་ནི་ལུ་གཙོ་བོར་བཏོནམ་ཨིན། འདི་དང་འཁྲིལ་ཏེ་ ལས་ཁུངས་ཀྱི་གོ་སྒྲིག་འདི་ ནུས་ཤུགས་ཅན་གྱི་ཞབས་ཏོག་ཚུ་བྱིན་ཐོག་ལས་ རྒྱལ་ཡོངས་ཀྱི་དམིགས་དོན་ཚུ་འགྲུབ་ནི་ལུ་ ལོག་སྟེ་གོ་སྒྲིག་འབད་ནུག།
འཆར་སྣང་།
བཟའ་འཐུང་ཉེན་སྲུང་འཐོབ་ནི་དང་ དབུལ་ཕོངས་མར་ཕབ་རྐྱབ་ནི་ལུ་ གྲོང་གསེབ་ཀྱི་འཚོ་བའི་མཐུན་རྐྱེན་ཡར་རྒྱས་གཏང་སྟེ་ སྒོ་ནོར་ཐོན་སྐྱེད་ཚུ་ རང་གིས་རང་ལངམ་བཟོ་ནི།
དམིགས་སྐྱེད།
ཉེར་སྤྱོད་མཁོ་ཆས་ལུ་གཞི་བཞག་ཡོད་པའི་ ཐབས་ལམ་ཐོག་ལས་ དེ་འཕྲལ་གྱི་ འོས་འབབ་ཅན་གྱི་འཕྲུལ་རིག་དང་ཞབས་ཏོག་ཚུ་ངེས་བརྟན་བཟོ་སྟེ་ སྒོ་ནོར་ཐོན་ཁུངས་ཡར་སེང་རྐྱབ་ནི།
འགན་དབང་།
འོག་ལུ་བཀོད་ཡོད་མི་ཚུ་ སྒོ་ནོར་ལས་ཁུངས་ཀྱི་འགན་དབང་ཚུ་ཨིན།
༡. སྒོ་ནོར་གྱི་ཞབས་ཏོག་སྤྲོད་ལེན་ཚུ་ འཇོན་ཐང་ཅན་སྦེ་བཟོ་ཐབས་ལུ་ སྲིད་བྱུས། ཁྲིམས་ལྡན་གྱི་བཀོད་ཁྲམ། འཆར་གཞི་དང་ ལམ་སྟོན་བརྟན་ཏོག་ཏོ་ཚུ་བཟོ་ནི།
༢. ཐོན་སྐྱེད་མཁོ་སྒྲུབ་འབད་ནི་དང་ ཞིབ་འཚོལ་དང་གོང་འཕེལ་ ཡར་དྲག་གཏང་ནི།
༣. སྤྱིར་བཏང་སྒོ་ནོར་གོང་འཕེལ་ལས་རིམ་ཚུ་ གཞི་བཙུགས་འབད་ནི་ལུ་ འཆར་གཞི་བརྩམ་ནི། འགོ་འདྲེན་འཐབ་ནི། ལྟ་རྟོག་འབད་ནི་དང་དབྱེ་ཞིབ་འབད་ནི།
༤. ལས་རིམ་ག་རའི་མི་སྟོབས་དང་འཕྲུལ་རིག་ནུས་ཚད་བཟོ་ནི།
༥. སྤུས་ཚད་ལྡན་པའི་སྒོ་ནོར་ནང་འདེབས་ཀྱི་ མཁོ་སྤྲོད་ངེས་བརྟན་བཟོ་ནི།
༦. སྒོ་ནོར་ཐོན་སྐྱེད་ཀྱི་ ཡུན་བརྟན་ལག་ལེན་དང་འཛིན་སྐྱོང་ ངེས་བརྟན་བཟོ་ནི།
༧. སྒོ་ནོར་ཚོང་ལས་གོང་འཕེལ་ ཡར་རྒྱས་གཏང་ནི།
༨. ས་ཁ་མཐོ་སའི་གོང་འཕེལ་ལས་རིམ་ འགོ་འདྲེན་འཐབ་ནི་དང་གཞི་བཙུགས་འབད་ནི།
༩. བསིལ་དྲོད་གནས་སྟངས་འགྱུར་བ་མར་ཕབ་རྐྱབ་ནི་དང་ གནས་སྟངས་འདི་ལུ་ འབྲེལ་མཐུན་བཟོ་ནི་ལུ་ ས་གཤིས་ལྡོག་ཤུགས་ཀྱི་སྒོ་ནོར་ཐོན་སྐྱེད་ཡར་རྒྱས་གཏང་ནི།
༡༠. རང་བཞིན་སྒོ་ནོར་ཞིང་ལཱ་ ཡར་རྒྱས་གཏང་ནི།
༡༡. ཚོང་ལམ་གོ་སྐབས་དང་ སྒོ་ནོར་ཐོན་སྐྱེད་ཀྱི་ཚོང་འབྲེལ་ ཡར་རྒྱས་གཏང་ནི།
༡༢. སོ་ནམ་པའི་སྡེ་ཚན། མཉམ་ལས་ཚོགས་སྡེ་དང་ སྤྱི་མཐུན་ཚོགས་པ་ཚུ་བཟོ་ནི་ལུ་ ལྷན་ཐབས་འབད་ནི།
༡༣. སྤུས་ཚད་དང་ལྡན་པའི་ སྒོ་ནོར་གསོ་བའི་ཞབས་ཏོག་ཚུ་གི་ཐོག་ལས་ སྒོ་ནོར་གྱི་གསོ་བ་དང་ཕན་བདེ་ སྲུང་སྐྱོབ་འབད་ནི།
༡༤. སེམས་ཅན་གྱིས་སྤེལ་བའི་ནད་གཞི་ཚུ་ བཀག་འཛིན་འབད་ཞིནམ་ལས་ མི་མང་གསོ་བ་སྲུང་སྐྱོབ་འབད་དེ་ གསོ་བའི་ཐབས་ལམ་ཡར་རྒྱས་གཏང་ནི།
༡༥. སྒོ་ནོར་གོང་འཕེལ་གྱི་དོན་ལུ་ རྒྱལ་སྤྱི་དང་ རྒྱལ་ཡོངས་ཀྱི་ཁེ་རྒུད་ཡོད་མི་ཚུ་དང་ འབྲེལ་བ་འཐབ་ནི།
དམིགས་དོན།
འོག་ལུ་བཀོད་ཡོད་མི་ཚུ་ སྒོ་ནོར་ལས་ཁུངས་ཀྱི་དམིགས་དོན་ཚུ་ཨིན།
- བཟའ་འཐུང་དང་ཟས་བཅུད་ཉེན་སྲུང་ ཡར་དྲག་གཏང་ནི་དང་ སྒོ་ནོར་ཞིང་ལཱ་ཚུ་ཡར་རྒྱས་གཏང་ཐོག་ལས་ གྲོང་གསེབ་འཚོ་བའི་མཐུན་རྐྱེན་ ཡར་དྲག་གཏང་ནི།
- ནུས་ཅན་དང་འཇོན་ཐང་ཅན་གྱི་ སྒོ་ནོར་དང་འབྲེལ་བའི་ཞབས་ཏོག་སྤྲོད་ལེན་ཚུ་ ཡར་དྲག་གཏང་ནི།
- སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་གཏང་ནི་ལུ་ འོས་འབབ་ཅན་གྱི་འཕྲུལ་རིག་ཚུ་བཟོ་ནི།
- ན་གཞོན་དང་མི་མང་ལས་སྡེ་ཚུ་ སྒོ་ནོར་ཚོང་ལས་ཚུ་ནང་ མ་རྩ་གཞི་བཙུགས་འབད་ནི་ལུ་ སེམས་ཤུགས་བྱིན་ནི།
- རང་བཞིན་ཐོན་སྐྱེད་ཀྱི་ ཡུན་བརྟན་འཛིན་སྐྱོང་དང་ལག་ལེན་ གོང་འཕེལ་གཏང་ནི་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལས་སྡེ་འདི་ གོང་འཕེལ་གཏང་ནི་ལུ་ ཕན་གྲོགས་འབད་ནི།
སྡེ་ཚན།
སྒོ་ནོར་གསོ་བའི་སྡེ་ཚན།
འགན་དབང་།
༡. སྒོ་ནོར་གསོ་བའི་ལས་རིམ་དང་འབྲེལ་བའི་སྲིད་བྱུས་བཟོ་ནི་ལུ་ ལཱ་བཀོད་རྐྱབ་ནི།
༢. སྒོ་ནོར་གསོ་བའི་གོང་འཕེལ་གྱི་དོན་ལུ་ ཐོན་སྐྱེད་ཚུ་མཁོ་སྒྲུབ་འབད་ནི་དང་ མ་རྩ་བཙུགས་བཞག་ལམ་སྟོནའབད་ནི།
༣. མི་སྟོབས་ཀྱི་ལས་དོན་དང་ གཙུག་སྡེ་ དེ་ལས་ འདུད་ཚོགས་ཀྱི་གོང་འཕེལ་ལཱ་བཀོད་རྐྱབ་ནི།
༤. སྒོ་ནོར་གསོ་བ་དང་འཕྲོད་བསྟེན་གྱི་གནད་ཚད་དོན་ལུ་ གནང་བ་ཚུ་བྱིན་ནི་འདི་ སྟབས་བདེ་དྲགས་བཟོ་ནི་ལུ་ འགོ་ཁྲིད་འབད་ནི།
སྒོ་ནོར་ཟས་བཅུད་སྡེ་ཚན།
འགན་དབང་།
༡. སྒོ་ནོར་ཟས་བཅུད་དང་འབྲེལ་བའི་སྲིད་བྱུས་བཟོ་ནི་ལུ་ ལཱ་བཀོད་རྐྱབ་ནི།
༢. སྒོ་ནོར་ཟས་བཅུད་ལས་རིམ་གྱི་དོན་ལུ་ ཐོན་སྐྱེད་ཚུ་མཁོ་སྒྲུབ་འབད་ནི་དང་ མ་རྩ་བཙུགས་བཞག་ལམ་སྟོནའབད་ནི།
༣. མི་སྟོབས་ཀྱི་ལས་དོན་དང་ གཙུག་སྡེ་ དེ་ལས་ འདུད་ཚོགས་ཀྱི་གོང་འཕེལ་ལཱ་བཀོད་རྐྱབ་ནི།
༤. སྒོ་ནོར་གྱི་ཆག་ཐོན་སྐྱེད་དང་ ཐོན་དངོས་གནས་ཚད་ཀྱི་ གནང་བ་ཚུ་བྱིན་ནི།
༥. འབྲེལ་བ་ཡོད་པའི་རྒྱལ་ཡོངས་དང་ རྒྱལ་སྤྱིའི་དོ་ཡ་ཚུ་དང་གཅིག་ཁར་ མཐུན་འབྲེལ་ཡར་རྒྱས་གཏང་ནི།
སྒོ་ནོར་ཐོན་སྐྱེད་སྡེ་ཚན།
འགན་དབང་།
༡. སྒོ་ནོར་ནང་འདེབས་དང་ ཐོན་སྐྱེད་ དེ་ལས་ གོང་འཕེལ་གྱི་སྲིད་བྱུས་བཟོ་ནི་ལུ་ ལཱ་བཀོད་རྐྱབ་ནི།
༢. ནང་འདེབས་ཐོན་སྐྱེད་དང་སྒོ་ནོར་གོང་འཕེལ་གྱི་དོན་ལུ་ ཐོན་སྐྱེད་ཚུ་མཁོ་སྒྲུབ་འབད་ནི་དང་ མ་རྩ་བཙུགས་བཞག་ལམ་སྟོནའབད་ནི།
༣. མི་སྟོབས་ཀྱི་ལས་དོན་དང་ གཙུག་སྡེ་ དེ་ལས་ འདུད་ཚོགས་ཀྱི་གོང་འཕེལ་ལཱ་བཀོད་རྐྱབ་ནི།
༤. སྒོ་ནོར་ཐོན་སྐྱེད་ལམ་ལུགས་དང་ ཐོན་དངོས་གནད་ཚད་ཀྱི་དོན་ལུ་ གནང་བ་ཚུ་བྱིན་ནི་འདི་ སྟབས་བདེ་དྲགས་བཟོ་ནི་ལུ་ འགོ་ཁྲིད་འབད་ནི།
ཞིབ་འཚོལ་དང་རྒྱ་སྐྱེད་སྡེ་ཚན།
འགན་དབང་།
༡. སྒོ་ནོར་ཞིབ་འཚོལ་དང་ རྒྱ་སྐྱེད་ཀྱི་སྲིད་བྱུས་ཚུ་བཟོ་ནི།
༢. སྒོ་ནོར་ཞིབ་འཚོལ་དང་རྒྱ་སྐྱེད་ལས་རིམ་ཚུ་ ལམ་སྟོན་འབད་ནི་ལུ་ འཕྲུལ་རིག་གི་དབང་འཛིན་སྦེ་ལཱ་འབད་ནི།
༣. ཞིབ་འཚོལ་གྱི་གྲོས་གཞི་ཚུ་ གཙོ་རིམ་བཟོ་ནི་དང་ འཆར་གཞི་བཟོ་ནི་ཚུ་ འགོ་འདྲེན་འཐབ་ནི།
༤. ཐོན་སྐྱེད་ཚུ་མཁོ་སྒྲུབ་འབད་ནི་དང་ སྒོ་ནོར་ཞིབ་འཚོལ་དང་རྒྱ་སྐྱེད་ སྒྲིང་སྒྲིང་བཟོ་ནི་ལུ་ ལྕོགས་གྲུབ་བཟོ་ནི།
༥. ཞིབ་འཚོལ་གྱི་ཞབས་ཏོག་ཚུ་ འཇོན་ཐང་ཡོདཔ་སྦེ་བྱིན་ནི།